教学大纲

སློབ་ཁྲིད་ཀྱི་རྩ་འཛིན།

གྲུབ་པ་ལུས་ཞེས་པ་འདི་ནི་མིའི་ལུས་ཁམས་ཀྱི་ཐོག་མའི་ཆགས་ཚུལ་དང་འཕེལ་རིམ།  རྒྱུན་ལྡན་གྱི་གྲུབ་ཆའི་རྣམ་གྲངས་དང་དབྱིབས་གཟུགས།  དེ་རྣམས་ཕན་ཚུན་གྱི་འབྲེལ་བ་དང་རམ་འདེགས་བྱེད་སྟངས།  ཚེ་སྲོག་འགུལ་བསྐྱོད་ཀྱི་སྣང་ཚུལ་དང་ངོ་བོ་སོགས་མདོར་ན་ལུས་ཁམས་འདི་ཉིད་ཐོག་མར་ཆགས་པ་དང་།  བར་དུ་གནས་པ།  མཐར་ཉམས་ཤིང་འཇིག་པ་བཅས་ཀྱི་བརྒྱུད་རིམ་ཡོངས་རྫོགས་དང་།  དེའི་ཆོས་ཉིད་བཅས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་གསལ་སྟོན་བྱེད་པའི་རིག་པའི་ཚན་ཁག་ཅིག་ཡིན་ལ།  དེ་ནི་བོད་ལུགས་གསོ་རིག་ཆེད་ལས་ཀྱི་ཆེས་རྩ་བར་གྱུར་བའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་ཞིག་ཀྱང་ཡིན།

རེ་བར་སློབ་མ་རྣམས་ཀྱིས་སློབ་ཚན་འདི་ཉིད་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་པ་བརྒྱུད་མིའི་ལུས་ཁམས་འདི་ཉིད་ཇི་ལྟར་ཆགས་ཤིང་གྲུབ་ཡོད་མེད་དང་།  དེ་དག་འཕེལ་བའི་བརྒྱུད་རིམ།  ཆགས་ཤིང་གྲུབ་པའི་ཕུང་གྲུབ་སོ་སོའི་མིང་གི་ཐ་སྙད་དང་།  དབྱིབས་གཟུགས་ཀྱི་འདྲ་སྣང་།  གྲུབ་ཆ་ཁག་གི་རྣམ་གྲངས་དང་འབོར་ཚད།  ནུས་པ་དང་གནད་འགག་ཆེ་ཆུང་།  ལྷག་པར་བོད་ལུགས་གསོ་རིག་གི་རིག་པའི་གཞུང་ལུགས་ཀྱི་རྨང་གཞིར་གྱུར་པ་འབྱུང་བ་ལྔ་དང་།  རླུང་མཁྲིས་བད་ཀན་གསུམ།  དེ་བཞིན་ལུས་ཟུངས་དྲི་མ་དང་བཅས་པའི་རྣམ་བཤད་ཀྱིས་མཚོན་ལུས་ཁམས་སམ་སྐྱེ་ཁམས་ཧྲིལ་པོའི་མཚན་ཉིད་དམ་ངོ་བོ་དང་ནུས་པ།  ལུས་ཁམས་དང་སེམས་ཁམས་ཀྱི་རང་བཞིན་ནམ་དབྱེ་བ་དང་ཁྱད་ཆོས།  མཐར་ཉམས་ཤིང་འཇིག་པའི་ལྟས་སམ་མཚན་མ་བཅས་མདོར་ན་བོད་ལུགས་གསོ་རིག་གི་རྨང་གཞིའི་རིག་པའི་གཞུང་ལུགས་ཀྱི་ཤེས་བྱ་རྣམས་ཇི་བཞིན་ཁོང་དུ་ཆུད་པ་དང་།  བྱང་གོམས་ཐོན་པ།  རྒྱུས་མངའ་ཡོང་བ།  གསལ་བཤད་ཐུབ་པ་བཅས་བྱས་ཐོག་དེས་ཆེད་ལས་འདི་ཉིད་ཀྱི་རྨང་གཞིའི་སློབ་ཚན་གཞན་དག་དང་།  ནད་ཐོག་གི་སློབ་ཚན་ལ་དགོས་ངེས་ཀྱི་རྨང་གཞི་འདིང་ཐུབ་པ་བྱེད་དགོས།  

དེ་ཡང་ཞིབ་ཕྲའི་དགོས་འདུན་དེ་གོ་རིམ་གསུམ་དུ་དབྱེ་ཡོད་ཅིང་།  གོ་རིམ་དང་པོ་ནི་ཁོང་དུ་ཆུད་པ་བྱེད་དགོས་པའི་གྲས་དང་།  གོ་རིམ་གཉིས་པ་ནི་བྱང་གོམས་ཐོན་པ་བྱེད་དགོས་པའི་གྲས།  གོ་རིམ་གསུམ་པ་ནི་རྒྱུས་མངའ་ཡོད་པ་བྱེད་དགོས་པའི་གྲས་བཅས་ཡིན་པས་དེ་དག་ལེའུ་སོ་སོའི་སྐབས་སུ་ཞིབ་ཕྲའི་གསལ་བཤད་ཡོད་པ་མ་ཟད།  དེ་དག་གི་ནང་ནས་ཁོང་དུ་ཆུད་པ་ཟེར་བ་དེ་ནི་བརྗོད་དོན་དེ་དག་གི་ངེས་ལུགས་རྒྱུ་མཚན།  ངོ་བོ་སྐྱོན་ཡོན་དང་བཅས་པ་ཡོངས་སུ་རྟོགས་ནས་ཇི་བཞིན་བེད་སྤྱོད་སྟངས་འཛིན་ཐུབ་པའི་ཚད་དུ་སླེབས་དགོས་པ་དེ་ཡིན།  བྱང་གོམས་ཐོན་པ་ཟེར་བ་དེ་ནི་ལག་ལེན་བེད་སྤྱོད་དམ་ལག་རྩལ་བཀོལ་སྤྱོད་དང་བཅས་པར་བྱང་ཞིང་གོམས་ནས་ཐོགས་རྡུགས་ཉམ་ང་མེད་པར་སྤྱོད་ཐུབ་དགོས་པ་དེ་ཡིན།  རྒྱུས་མངའ་ཡོད་པ་ཞེས་པ་དེ་ནི་བརྗོད་དོན་དེ་ཉིད་ཀྱི་གོ་དོན་རགས་ཙམ་རྟོགས་པ་དང་སྤྱིར་བཏང་གི་འགྲོ་ཚུལ་ཤེས་ཐུབ་པ་དེ་ཡིན།

བོད་ལུགས་གསོ་རིག་ནི་གནའ་དུས་ནས་དར་བའི་སྲོལ་རྒྱུན་གསོ་རིག་ཅིག་ཡིན་ལ་དེའི་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་དེ་ཡང་རང་བྱུང་མཚན་ཉིད་རིག་པ་ཞིག་ཡིན་གཤིས་དེ་ཉིད་ཀྱི་རིག་ལམ་འཆད་ཚུལ་དང་།  བརྗོད་དོན་བརྡ་ཆད།  རིག་པའི་འགྲོ་སྟངས་སོགས་གང་གི་ཐད་ལ་ཡང་དགོས་པ་དང་དགོངས་གཞི་རྒྱ་ཆེ་བའི་དབང་གིས་སྤྱི་ཚན་ཅན་དང་ལྐོག་གྱུར་ཅན།  དངོས་བསྟན་དང་ཤུགས་བསྟན།  སྤྱི་དང་བྱེ་བྲག་སོགས་ཀྱི་སྒོ་ནས་བསྟན་ཚུལ་མང་པོ་ཡོད་པའི་དམིགས་བསལ་གྱི་ཁྱད་ཆོས་དངོས་ལ་གཞིགས་ཏེ།  ཞིབ་ཕྲའི་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་གང་ལ་དེ་འཚམ་ཡོང་བ་བྱེད་དགོས་པ་ཕུད།  ད་དུང་སླ་བ་ནས་དཀའ་བ་དང་།  སྟབས་བདེ་ནས་རྙོགས་འཛིང་།  རགས་པ་ནས་ཞིབ་པ།  རིམ་བགྲོད་འཕེལ་རྒྱས་བཅས་ཀྱི་རྩ་དོན་སྤྱི་དང་།  ལྷག་པར་དུ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱི་གཙོ་ཁྲིད་འོག་སློབ་མའི་རང་རྟོགས་རང་བཞིན་དང་།  གསར་གཏོད་རང་བཞིན།  རང་ཚུགས་ཀྱི་རང་བཞིན་བཅས་འདོན་སྤེལ་བྱེད་དུ་འཇུག་རྒྱུའི་རྩ་དོན།  རིག་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་རྩ་དོན་སོགས་ལག་ལེན་བསྟར་ནས་གང་ཐུབ་ཀྱིས་བློ་སྒོ་འབྱེད་པའི་སློབ་ཁྲིད་ཀྱི་ཐབས་ཤེས་སྤྱད་དེ།  སྤྱི་མཚན་ཅན་གྱི་གོ་དོན་རྣམས་ཞིབ་ཕྲ་ཅན་དང་།  གཟུགས་བརྙན་ཅན། ཐད་མཐོང་ཅན་སོགས་སུ་འགྱུར་བར་བྱེད་ཆེད་ཧུར་བརྩོན་གྱིས་ཆ་རྐྱེན་བསྐྲུན་ནས་དཔེ་གཟུགས་དང་།  དཔེ་རིས།  བརྙན་ཕབ། སྨྱན་མང་གཟུགས། གསོན་གཟུགས་༼སློབ་མ་སོ་སོའི་ལུས་ཐོག༽སོགས་སྤྱོད་པའི་དེང་དུས་སློབ་ཁྲིད་ཀྱི་བྱ་ཐབས་སྤྱད་དེ་སློབ་ཁྲིད་ཀྱི་ཕན་འབྲས་གོང་མཐོར་གཏོང་དགོས་པ་ཡིན།

སློབ་ཚན་འདི་ཉིད་ནི་རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དང་།  ཤེས་བྱའི་རང་བཞིན།  རྙོགས་འཛིང་གི་རང་བཞིན།  ལྐོག་གྱུར་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡིན་སྟབས་སློབ་ཁྲིད་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་།  ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཐོག་ཁོ་ཚོས་རང་རྐྱ་འཕེར་བའི་སྒོ་ནས་བསམ་གཞིགས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དུ་བཅུག་ཏེ་རྩ་ཚིག་དང་།  གཙོ་གནད་འགག་གནད་ཡིན་པའི་ནང་དོན་གྲས་ངག་སྐྱོར་བཏང་ནས་བློ་འཛིན་བྱེད་པ་དང་།  དྲི་གཞི་བཏོན་ནས་སློབ་ཁང་གྲོས་བསྡུར་དང་།  སློབ་ཁང་དྲིས་སྦྱོང་།  འདྲི་རྨེད་རྩོད་ལེན་སོགས་ཀྱི་དུས་ཚོད་འདོན་པ།  དེ་བཞིན་སྦྱོང་ཚན་འབྲི་བ་དང་།  རིག་གཞུང་སྙན་སྒྲོན་ཞུ་བ།  ཡུལ་ཐིག་འབྲི་བ་སོགས་རྣམ་པའམ་ཐབས་ཤེས་མི་འདྲ་བ་བརྒྱུད་ནས་སློབ་ཁྲིད་ཀྱི་ལས་འགན་དང་དམིགས་ཡུལ་འགྲུབ་པ་བྱེད་རྒྱུར་ཕན་ཐོག་ཡོང་བྱེད་དགོས་ལ།  ད་དུང་དེང་རབས་གསོ་རིག་འབྲེལ་ཡོད་ཤེས་བྱ་ཡང་འོས་འཚམས་ཀྱིས་དཔྱད་གཞི་བྱས་ཏེ།  སློབ་མ་ཚོར་རང་རྟོགས་ཀྱི་སྒོ་ནས་བལྟ་བསྡུར་བསམ་གཞིགས་བྱེད་པར་སྣེ་ཁྲིད་བྱེད་རྒྱུར་ཡང་དོན་སྣང་བྱས་ཏེ།  ཁོ་ཚོས་གནད་དོན་ལ་དབྱེ་ཞིབ་དང་།  གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ངོ་མ་གསོ་སྐྱོང་བྱེད་དགོས་པ་དང་སྦྲགས།  བོད་ལུགས་གསོ་གི་ལོ་རྒྱུས་ཀྱི་དོན་སྙིང་དང་།  བེད་སྤྱོད་ཀྱི་རིན་ཐང་སོགས་ལ་ངོས་འཛིན་བྱེད་རྒྱུ་ཡང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་ཐུབ་པ་བྱེད་དགོས།

སློབ་ཚན་འདི་ཉིད་ཀྱི་སློབ་ཁྲིད་དུས་ཚོད་ནི་བསྡོམས་པས་སློབ་ཐུན་ཆུ་ཚོད་༡༤༤དང་།  སློབ་སྐབས་གཉིས་ལ་བགོས་ཡོད་པ་ཡིན།  དེའི་ནང་ནས་གཞུང་ལུགས་སློབ་ཁྲིད་དང་དམར་ཁྲིད་ཚོད་ལྟའི་བར་བསྡུར་ཚད་དེ་༨༢ཡིན་པས་གཞུང་ལུགས་སློབ་ཁྲིད་ལ་སློབ་ཐུན་ཆུ་ཚོད་༡༡༦དང་།  དམར་ཁྲིད་ཚོད་ལྟའི་སློབ་ཁྲིད་སློབ་ཐུན་ཆུ་ཚོད་༢༨དེ་སོ་སོར་བཀོད་སྒྲིག་བྱས་ཡོད།

སློབ་ཚན་འདི་ཉིད་ཀྱི་དཔྱད་གཞིའི་ཡིག་རིགས་ལ་སྐྱེམ་འགྲེལ་དང་།  མེས་ཞལ།  བདུད་རྩིའི་ཆུ་རྒྱུན་སོགས་ཀྱི་འབྲེལ་ཡོད་ནང་དོན་རྣམས་མཐའ་དཔྱོད་ཡོད་པའི་སྒོ་ནས་བེད་སྤྱོད་དང་།  སློབ་མར་ཡང་ངོ་སྤྲོད་ཀྱིས་ཁོ་ཚོར་རང་སྦྱོང་བྱེད་རྒྱུར་ཕན་འབྲས་ཐོན་པ་བྱེད་དགོས།

版权所有 Copyright(C)2016-2021 甘南藏族自治州卫生学校 陇ICP备16002830号-1

公安部备案:62300102000079   

地址:甘南藏族自治州合作市人民东街52号    电话:0931—8212947 邮编:747000